ལོ་འཁོར་ཡིག་ཚད་ལེགས་གྲུབ་མཛད་སྒོ། Annual Examination Result Declaration- 2024
༄༅། །དེ་རིང་ཕྱི་ལོ་༢༠༢༥ ཟླ་ ༠༡ ཚེས་ ༠༣ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་སྐུ་མགྲོན་གཙོ་བོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དབུ་ཆོས་རྣམ་གཉིས་དབུ་བཞུགས་ཐོག སེར་བྱེས་གྲྭ་ཚང་གི་ཁྱབ་ཁོངས་ཁམས་ཚན་རྒན་རྣམ་པ་སྐུ་མགྲོན་དུ་གདན་ཞུས་ཀྱིས། སློབ་གྲྭའི་འགན་འཛིན་དང་། སློབ་སྤྱི། དགེ་ཆེ། དེ་བཞིན་སློབ་དགེ་རྣམ་པས་དབུས་སློབ་ཕྲུག་ཡོངས་རྫོགས་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་ཀྱིས་ཕྱི་ལོ་ ༢༠༢༤ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་ཀྱིས་རྩེར་སོན་ཨང་རིམ་བཞེས་མཁན་རྣམས་ལ་གཟེངས་བསྟོད་ཕྱག་ཁྱེར་དང་བྱ་དགའ་སྩལ་བའི་མཛད་སྒོའི་སྐབས་ཀྱི་འདྲ་དཔར་ཁག་ཅིག་སྤྱན་བསྟར་ཞུས་པ་ལགས།
དེ་རིང་ནས་བཟུང་ཟླ་བ་གཉིས་རིང་སློབ་ཕྲུག་རྣམས་དགུན་ཁའི་གུང་གསེང་ལ་ལོངས་སུ་སྤྱོད་རྒྱུ་ཡོད་ཀྱང་། རང་གི་ནམ་ཞག་རྒྱུན་གཏན་གྱི་འཛིན་སྐྱོར་སྦྱང་དང་ཟུར་སྦྱོང་སློབ་ཚན་ལ་འཐུས་ཤོར་མ་བཏང་བར་བརྩོན་པ་ཆུ་བོའི་རྒྱུན་བཞིན་འབད་རྩོལ་ལྷོད་མེད་གནང་རྒྱུའི་རེ་བ་དང་།
བོད་རྒྱལ་ལོ་ ༢༡༥༢ རབ་འབྱུང་ ༡༧ པའི་ཤིང་མོ་སྦྲུལ། ཕྱི་ལོ་ ༢༠༢༥ ལོའི་བོད་ལུགས་གནམ་ལོ་གསར་དུ་བཞད་པའི་བཀྲ་ཤིས་པའི་རྟེན་འབྱུང་དགའ་སྟོན་ལ། སློབ་གྲྭའི་ངོས་ནས་འདི་ག་སློབ་གྲྭའི་དགེ་སློབ་ལས་བྱེད་དང་བཅས་པར་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞིང་། ཕྱི་ལོ་ ༢༠༢༥ ལོའི་སློབ་ལོ་གསར་པར་དགའ་སྤྲོའི་ངང་ལྷན་འཛོམས་ཡོང་བའི་སྨོན་འདུན་བཅས།
སེར་བྱེས་འབྲིང་རིམ་སློབ་གྲྭ་ནས་ཕྱི་ལོ་ ༢༠༢༥ ཟླ་ ༠༡ ཚེས་ ༠༣ ལ་སྤེལ། །Today, the results of the academic year 2024 was declared by respective class teachers in the presence of the Abbot of the Monastery, Kyabje Khenrinpoche Drati Geshe Tashi Tsethar la, Disciplinarian of the Monastery and the Chantmaster of the Monastery. The respective house masters and the guardian teachers, who were present to hear the results of the student's performance in the examination.
The prizes were distributed to the position holders from each class and for their excellent performances in the academic fields. The prizes were also given for the best performers in Tibetan, Computer Education etc from each class were also given prizes.